སྙིང་གྲོགས་རྙིངམ་ལུ།

ཡིད་འོང་མ། མཛེས་སྡུག་མ། མིག་གིས་མཐོང་ནི་དང་ ལག་པས་བཟུང་ནི་མེད་པའི་ངིའི་སེམས་འདི་ཀྱིས་ དུས་ཨ་རྟག་ར་ བུམོ་ཁྱོད་ཀྱི་མིང་བཏོན་ འབོ་ས་ཁྱོད་ཀྱིས་གོ་བས་ག??? ཁྱོད་ཀྱི་ཚོར་ཡི་ག?? གནམ་ནུབ་མོའི་གཉིད་ཀྱི་ཞིང་ཁམས་ནང་ལུ་ཡང་ གོམས་པའི་བག་ཆགས་ཀྱིས་བུམོ་ཁྱོད་དང་ཕྱད་དེ། དགའ་བའི་ཧིང་གཏམ་བཤད། བརྩེ་གདུང་གི་ཕངམ་བཏབ། ཞིམ་པའི་འོ་བསྐྱལ། བཞིན་བཟང་མ།

བརྩེ་གདུང་འདི་ མཐོང་ནི་མེདཔ་ཅིག་ཨིན་རུང་ ཚོར་ནི་ཡོད་པའི་ན་ཟུག་ཅིག་ཨིན་པས། འདིའི་ནང་ལས་ འཇིག་རྟེན་ཕོ་དང་མོའི་བརྩེ་གདུང་འདི་ སེམས་ཀྱིས་བསམ་མ་ཚུགས་པའི་ཚོར་བ་ཅིག་དང་ རང་སྲོག་གཅོད་པའི་དགྲ་ དཔེར་ན་མར་མེའི་འོད་ལུ་ ཆགས་པའི་བརྩེ་གདུང་ཅན་གྱི་ཕྱེམ་ལ་དང་འདྲ་བས། འདི་རང་གིས་ལས་ལས་བཅད་པའི་ཆད་པ་ རྩུབ་དྲག་ཅིག་ཨིན།

བརྩེ་སེམས་འདི་ འགོ་ཐོག་བསྐྱེད་པའི་ཚེ་ བགད་བྲོ་བཟུམ་ཅིག་སྦེ་ཨིན་རུང་ མཐའ་མཇུག་ལུ་མི་ཚེ་ལེགས་ཤོམ་སྦེ་ མཐར་འཁྱོལ་བའི་གཞི་གྱམ་ བཟུམ་ཅིག་སྦེ་ཚོརཝ་མས།

སྙིང་སྡུག་མ།
ང་གིས་བསྐྱེད་པའི་བརྩེ་སེམས་འདི་ རྟག་པའི་རང་བཞིན་དང་ འགྱུར་བ་མེདཔ་ཅིག་ཨིན་ཟེར་ ནམ་ཡང་མི་སླབ། ཧེ་མ་ཡང་མི་གཞན་ལུ་ བསྐྱེད་མྱོང་ལ་འགྱུར་ཡང་གྱུར་ཡི། ཤུལ་ལས་ཡང་ གཞན་ལུ་བསྐྱེད་སྲིད་ལ་འགྱུར་སྲིད། བརྩེ་སེམས་འདི་ འགྱུར་བའི་ཆོས་ཉིད་ཅིག་ཨིནམ་ ང་གིས་ག་དེམ་ཅིག་ཡང་ཤེས། ཨིན་རུང་ ང་གིས་ད་ལྟོ་ཁྱོད་ལུ་བསྐྱེད་པའི་བརྩེ་སེམས་འདི་ ལྷད་མེད་པ། གཙང་བ། བརྟན་པ། རིགས་བཟང་མ།
ང་གིས་ང་རའི་ཁ་ལས་ བཞིན་བཟང་མ་ཟེར་ ཚར་རེ་སླབ་ད། ཚར་རེ་སེམས་ཁར་ཤར་འོངམ་ད་་་་་་། གཞན་དང་མ་འདྲ་བའི་ འཇིག་རྟེན་སྐྱིད་ཉམས་ལྡན་ཏོག་ཏོ་ཅིག་ནང་ ལྷོད་པའི་སྣང་བ་ཤརཝ་མས། སྙན་ངག་གིས་སྒྲོ་བཏགས་པའི་ལོ་རྒྱུས་མེན། ཁྱོད་ལུ་དགའ་བའི་སེམས་ཤུགས་ བསྟན་ནིའི་དོན་ལུ་ ཉིནམ་རེ་ལུ་ཤློོ་ཀ་བརྒྱ་དང་སྟོང་གི་སྙན་ཚིག་བྲི་ཚུགས། ཨིན་རུང་བུམོ་ཁྱོད་སུན་དོ་འོང་མནོ་བའི་སེམས་ཁྲལ་ཅིག་གིས་ ག་ཅི་ཡང་འབད་མ་ནུམ།

མཛེས་ལྡན་མ། འཇིག་རྟེན་ནང་ལུ་ ཕོ་དང་མོ་གཅིག་གིས་གཅིག་ལུ་བརྩེ་བ་བསྐྱེད། བྲལ་མ་ཚུགས་པའི་ན་ཟུག་སེམས་ཀྱིས་འབག་མི་ཚུ་ མཐར་ཐུག་འབྲས་བུ་ག་ཅི་གི་དོན་ལུ་ཨིན་ན་ ཁྱོད་ཀྱིས་ཡང་ཤེས། དེ་བཟུམ་སྦེ་་་་ང་ཡང། འཇིག་རྟེན་པའི་ལམ་ལས་ བརྒལ་མ་ཚུགས་པའི་མི་གཅིག་ཨིནམ་ལས། ཁྱོད་ཀྱི་ལེགས་པའི་མེ་ཏོག་གུར་ བསགས་ཏེ་ཡོད་པའི་སྦྲང་རྩི་ལུ་ མི་སྤྱོད་མནོ་རུང་སེམས་ཀྱིས་ བཀག་མ་ཚུགས་པའི་ལས་དབང་ཅིག་ཨིན་པས།

ཁྱོད་ཀྱི་ལང་ཚོ་འབར་བའི་དུས་ཚོད་ ད་རི་བཟུམ་ཅིག་ནང། ཁྱོད་ཀྱི་བརྩེ་སེམས་ཡང་ ང་གིས་ལྷང་ཡི། ཁྱོད་ལུས་ཀྱི་སྡོང་པོ་ མེ་ཏོག་པདྨའི་འཁྲི་ཤིང་འདི་ལུ་ཡང་ ང་སྙོམ་ཆུང་གི་བུ་རེ་བ་མ་བསྐྱེད་པར་ ཐབས་གཞན་མེད། རེ་བ་འདི་སྒྲུབ་ཚུགས་པའི་ནུས་པ་མེད་ཟེར་ རྩ་ལས་སླབ་མ་ད། སྤྲོ་བ་མེད་པའི་ལོ་རྒྱུས་ཡང་གསུངས་མ་ད། ད་རུང་རྩིགཔ་མ་ཟ། འཁོར་བའི་རང་བཞིན་དང། འཇིག་རྟེན་གྱི་འགྲོ་ལུགས་ཅིག་ཡང་ཨིན་པས།

དེ་སྦེ་སླབ་ད་ང་འདོད་ཆགས་ལུ་ལང་ཤོར་ཐལ་བའི་ལོ་རྒྱུས་མེན། བློ་ཧན་ཏོག་ཏོ་སླབ་ཏེ་མགོ་སྐོར་རྐྱབ་ནི་ཉམས་མྱོང་ཡོད་པའི་གཏམ་ཡང་མེན། ཕངས་སེམས་ཅིག་བསྐྱེད་དོ་འོང་མནོ་འཁྲུལ་བསྐོར་བསྒྱུར་འདི་སླབ་པའི་ཚིག་ཡང་མེན། དབང་ཙོང་པའི་ལོ་རྒྱུས་འདི་ག་ཏེ་འོང་ནི། ང་ཁྱོད་ལུ་རེ་བ་ཚད་མེདཔ་ཅིག་ཡོད།

ང་གིས་ཚོར་ཡི། ངིའི་བརྩེ་སེམས་འདི་ཉིནམ་གཅིག་བ་གཅིག་ཤུགས་ཆེ་སུ་སྦེ་འགྱོ་དོ་ཚོར་ཡི། ཚེ་ཧེ་མའི་ལས་ཀྱི་འཕྲོ་ཅིག་མེད་པ་ཅིན་ད་ལྟོ་དེ་ཚུན་ཚོད་དགའ་དགོཔ་མེད་ཟེར་མནོཝ་མས། གལ་སྲིད་ཁྱོད་བུཚུ་གཞན་དང་ཅིག་ཁར་ བློཝ་སླབ་སར་ང་གིས་མཐོང་པ་ཅིན་ ང་སྡུག་བསྔལ་གྱི་ར་བཟིཝ་ཐག་ཆོད། དེ་འབདཝ་ད་ཁྱོད་ཀྱི་ང་མིག་སེར་ཚ་དྲག་འདུག་ཟེར་མ་མནོ། ང་ཁྱོད་ལུ་དགའ་བའི་བརྩེ་གདུང་ཚད་མེད་པའི་དཔང་པོ་བཟུམ་ཅིག་ཨིན།

སྙིང་གྲོགས་མ།
ངིའི་སེམས་ཀྱི་སྙིང་མཐུན་བཟང་མོ་ལགས། བུམོ་ཁྱོད་འཛམ་གླིང་ནང་ངོ་རིས་གཟུགས་གཤིས་ལེགས་པའི་མིང་གཏམ་མ་འཐོན་རུང། རྒྱུ་ནོར་ཕྱུག་པོའི་སྐད་དྲག་མེད་རུང། དབང་ཅན་མི་ཡི་སྲས་མོ་མེན་རུང། ང་ལས་དབང་གི་བུ། ངིའི་སེམས་ཀྱི་རྟེན་ཁྱོད་གཅིག་རང་ཨིན་པས། ངིའི་སེམས་ལུ་ཡོད་པའི་རང་དབང་ཡོད་ཚད་བུམོ་ཁྱོད་ཀྱིས་དབང་ཚར་ནུག

མཐའ་མཇུག་བརྩེ་གདུང་གི་རྨ་བཏོན་ནི་མེད་པའི་ཐབས་ཅིག་འབད་གནང་མས། ང་ཁྱོད་ལུ་རེ་བ་ཡོད།
ད་རིས་ནུབ་མོའི་གཉིད་ལམ་འདི་ ལྷའི་དངོས་གྲུབ་ཅིག་ཨིན་ཟེར་སླབ་ཆོག་པས། མེ་ཏོག་གི་གང་བའི་ལྡུམ་རྭ་ནང་ལུ་ བྲོཝ་ཞིམ་པའི་འོ་བསྐྱལ། དྲོད་ཉམས་ལྡན་པའི་མལ་ཆ་ནང་ལུ་མི་ཚེའི་ལོ་རྒྱུས་ཕར་ཚུར་སླབ། ངོམས་ནི་མེད་པའི་འཛུམ་མདངས་ཕར་ཚུར་བསྟན། རྫོགས་ནི་མེད་པའི་ཧིང་གཏམ་ཕར་ཚུར་བཤད། འགྱུར་ནི་མེད་པའི་དམ་བཅའ་བཞག་སར་མཐོང་མི་ཚུ་ ཁྱོད་ལུ་སླབ་ད་ལུ། བུམོ་ཁྱོད་སེམས་དང་མ་ལྡན་རུང་གནམ་ནུབ་ཕྱེད་ལུ་མ་བྲིས་ལས་དབང་གིས་བསྐྱལ་དགོཔ་ཐལ།

། །མཚན་མོ་བདེ་ལེགས། །
ད་རུང་བག་ཆགས་འདུག་་་།གཉིད་ལམ་འཕྲོ་འཐུད་སྦེ་མཐོང་ཡི། བུམོ་ཁྱོད་ཆུ་ཡི་ཕ་ཁར་དང་ང་ཆུ་ཡི་ཚུར་ཁ། ཕ་ཇོ་འབྲུག་སྒོམ་དང་མཁའ་འགྲོ་བསོད་ནམས་དཔལ་སྒྲོན་བཟུམ་སྦེ་ལུང་བསྟན་མེད་རུང་ལས་ཀྱིས་བསྐོས་བཞག་བཞགཔ་ཅིག་ཨིནམ་རང་འདྲ། ཆུའི་ཟུར་ཁ་ལུ་གཅིག་གིས་གཅིག་མཐོང་ནི་ཡོད་རུང་ཐག་རིང་སོངམ་ལས། ཕྱད་ནིའི་དོན་ལུ་གསེར་གྱི་ཟམ་པ་ཅིག་རང་བཞིན་གྱིས་འབྱུང་སར་ངིའི་གཉིད་ལམ་ནང་མཐོང་ཡི། སྤྱིར་བཏང་གཉིད་ལམ་འདི་དངོས་སུ་བྱུང་ནི་ཅིག་མེད་རུང་ཕྲལ་ཕྲལ་བརྟག་པ་ཡོདཔ་བཟུམ་སྦེ་ཚོརཝ་མས།

མཛེས་སྡུག་མ།
ང་ཁྱོད་ལུ་དངོས་སུ་སྦེ་རེ་བ་ཡོདཔ་ལས་གཉིད་ལམ་ནང་རེ་བ་བསྐྱེད་སར་མཐོང་མས། ཁྱོད་ཀྱི་མནོ་བསམ་བཏང་བལྟ་མས། ལས་དབང་འདི་ག་དེམ་ཅིག་ཤུགས་ཆེ་དྲག་འདུག་་ གསེར་གྱི་ཟམ་པའི་སྦུག་ལུ་ཁྱོད་དང་ང་། མི་གཞན་ག་ཡང་མེད་པར་ག་དེམ་ཅིག་བརྩེ་གདུང་གི་འཚོ་བ་ལུ་བརྟེན་ས་མཐོང་ཡི། གཉིད་ལམ་འདི་ཚུ་དངོས་སུ་བྱུང་ཐབས་ཅིག་ཡོད་རུང་བཏུབ་པས། སྙིང་གྲོགས་མ། ང་ཁྱོད་ལུ་སྙིང་གྲོགས་མ་ཟེར་སླབ་ནི་འདི་གཡང་ཟཝ་མས། ཨིན་རུང་བཀག་མི་ཚུགས་་་་་་་་།ང་ཁྱོད་ལུ་རེ་བ་ཡོད།

སྔ་དྲོ་བདེ་ལེགས།
ཡིད་འོང་མ་་་་་།
ཁྱོད་ལུ་དགའ་བའི་སེམས་ཤུགས་ལུ་བལྟ་བ་ཅིན། དཀར་གསལ་ཟླཝ་དང་ཁྲི་གདུགས་ཉིམ་གཉིས་ངོ་འཛོལ་འདི་ གནམ་ཉི་མ་ཡང་ཁྱོད་ཀྱི་གཉིད་ལམ་ཁྲ་ལྷམ་ལྷམ་སྦེ་མཐོང་སྡོདཔ་མས། མནོ་བསམ་བཏང་གནང་མས། ཕྲལ་ཕྲལ་ངིའི་སྐོར་ལས་ཡང་མནོ་བསམ་ཨ་ཙི་རེ་བཏང་གནང་མས། ང་ག་དེམ་ཅིག་གི་ཕངས་སི་སི་འདུག་ཁྱོད་ཀྱིས་ཚོར་ཡི་ག??

མཛེས་སྡུག་མ་་་་་
ཁྱོད་ལུ་དགའ་བས། ང་གིས་ཁྱོད་ལུ་དགའ་བས་ཟེར་བའི་ལོ་རྒྱུས་སླབ་ནི་འགོ་བཙུགས་ཏེ་ལོ་གཅིག་ལྷག་རུང་། སེམས་བག་ཕེབས་པའི་ཧིང་གཏམ་གཅིག་ཡང་བཤད་མ་ཚུགས། སྙིང་ཚིམས་པའི་འོ་ཅིག་བསྐྱལ་མ་ཚུགས། གཞན་དང་གཞན་འདི་ཕར་སྦེ་བཞག་མས། ང་མནོ་བསམ་ཚར་རེ་བཏངམ་ད་དོན་ཧིང་ཚ་ཤུར་ཤུར་སྦེ་ དུས་ནམ་ཡང་བུམོ་ཁྱོད་ཀྱི་ཕངས་མར་སྡོད་ནིའི་མནོ་བསམ་བཏང་འོང་མས། གལ་སྲིད་ང་ཁྱོད་འབད་སར་འོང་པ་ཅིན་ཁྱོད་ཀྱི་ངོས་ལེན་ཡོད་ག???

སྨན་ཆུང་མ་་་་་ངིའི་སེམས་ཀྱི་བུ་མོ།
ང་གིས་ལྷ་ཡུལ་གྱི་བུམོ་མཐོང་ཡང་མ་མཐོང། ཨིན་རུང་ལོ་རྒྱུས་གོ་དོ་བཟུམ་མནོ་བསམ་བཏང་པ་ཅིན་ ལྷ་ཡི་སྲསམོ་ཟེར་རུང་ཁྱོད་བ་ལྷགཔ་མི་འོང་ཟེར་ཐག་བཅད་དེ་སླབ་ཚུགས། ད་རུང་ཚར་ཅིག་སླབ་པ་ཅིན་ ང་གིས་ཁྱོད་ལུ་བསྐྱེད་པའི་བརྩེ་སེམས་འདི་ ཚར་ཅིག་བ་ཚར་ཅིག་ཤུགས་ཆེ་སུ་བསྐྱེད་འགྱོ་དོ། ཆ་རོགས་ཚུ་གིས་བུམོ་གཞན་མི་ཡང་ངོ་སྤྲོད་རྐྱབ་ནི་འདུག ཨིན་རུང་དབང་མེད་པར་ཁྱོད་ཀྱི་ཕྱོགས་སུ་གཡོ་ཚར་བའི་སྙོམ་ཆུང་ཅིག་འབདཝ་ལས་ གཞན་ལུ་མནོ་བསམ་རང་མི་འོང་པས། བཞིན་བཟང་མ་་་་་

འབྲི་མི་: རིག་སྲས་དབང་ཕྱུག

བསམ་བཀོད་ 2།

  1. ང་རྨི་ལམ་མི་མཐོང་དགུ་དགུ་མཐོང། །
    དགུ་གཉིས་བསྡོམ་ད་བཅོ་བརྒྱད་མཐོང། །
    བཅོ་བརྒྱད་རང་འདི་གན་མཐོང་པ། །
    སེམས་བག་ཆགས་མང་བའི་ལོ་རྒྱུས་མས། །

    བྱ་ཐང་དཀར་གཤོག་སྒྲོ་བརྙ་འདི་གིས། །
    རི་མཐོ་དམན་ཡོད་ཚད་བསྐོར་ས་མཐོང། །
    ངེའི་བུ་མོའི་ས་ཁར་འཕུར་ས་མཐོང། །
    ང་མེ་ཏོག་ཆ་ཅིགཔོ་ལག་པར་བཟུང། །

    མོ་ཡིད་འོང་བུམོ་ལུ་སྤྲོད་སར་མཐོང། །
    མོ་དགའ་བའི་འཛུམ་གྱིས་ལེན་སར་མཐོང། །
    ཚོས་ལེགས་པའི་པདྨའི་སྐྱེད་ཚལ་ནང། །
    ཉམས་དགའ་བའི་སྤྲོ་ཉམས་བསྒྱུར་ས་མཐོང། །

    ལུས་འཇམ་པའི་ཕངམ་བཏབ་སར་མཐོང། །
    གསུང་དྲི་ཟའི་དབྱངས་ལས་བསྒྱུར་ཏེ་གིས། །
    གཏམ་ཧན་པའི་སྒོ་མོ་ཕྱེས་སར་མཐོང། །
    མི་ཚེ་གི་ལོ་རྒྱུས་བསླབ་ཞིནམ་ལས། །

    ཚེ་གཅིག་གི་གཉེན་སྦེ་འཛོམས་སར་མཐོང། །
    གཉེན་འཛོམས་པ་མི་ཚད་བུ་གཞི་ཡང། །
    བུ་བརྒྱ་སྦྱིན་ལྷ་ཡི་སྲས་བཟུམ་དང། །
    བུམོ་ཚངས་པ་ལྷ་ཡི་སྲསམོ་བཟུམ་ཅིག །

    ཡར་ལྷ་ཡིས་དངོས་གྲུབ་གནང་སར་མཐོང། །
    བཟའ་ཚང་ཕུན་སུམ་ཚོགས་སར་མཐོང། །
    ང་དེ་མི་རྨི་ལམ་དགའ་མི་དགའ། །
    སེམས་སྤྲོ་བའི་རྨི་ལམ་མཐོང་པའི་བར། །

    ཁོ་ལྟས་ངན་བྱི་རྩི་ཤི་ཁོག་གཅིག །
    ལམ་ག་ལས་འོངམ་ཨིན་ཟེརཝ་མེད་པར། །
    ངེའི་ཉལ་ཁྲིའི་འོག་ལས་སྐད་རྐྱབ་ཚེ། །
    ང་ཉལ་བའི་གཉིད་ལས་ལྷོང་ད་ཡི། །

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག