ཀ་རྩོམ།

ཀ་དག་རབ་འབྱམས་སྟོང་ཉིད་རིན་པོ་ཆེ།། ཁ་མདོག་བཟང་ངན་བདེ་སྡུག་འཁོར་བའི་ལས།།

ག་ནས་ལྟས་ཀྱང་འཇིག་བསླུའི་སྡུག་བསྔལ་རྒྱུ།། ང་བདག་བདེ་སྡུག་འཁོར་བའི་རྒྱ་མཚོ་ཆེ།།

 

ཅ་ཅོའི་ཀུན་རྫོབ་ཆོས་བརྒྱད་བསླུ་བྲིད་མང་།། ཆ་ལུགས་མཛེས་ཀྱང་རང་རྒྱུད་མ་ཐུལ་ན།།

ཇ་ཆང་འདོད་ཡོན་ཞེན་ཆགས་གོ་འཁོར་གྱིས།། ཉ་མོ་ལྕགས་ཀྱུས་བཟུང་བཟུང་འཆི་ལ་ཉེ།།

 

ཏ་ཐཱའི་བསྟན་ཞབས་སེམས་བཟང་གཞན་ཕན་སྒྲུབས།། ཐ་མའི་འབྲས་བུ་འགྲོ་དྲུག་བདེ་ལ་བཀོད།།

ད་ལྟའི་སྐྱིད་སྡོད་རྨི་ལམ་རྟག་འཛིན་ངོར།། ན་རྒས་འཆི་སྐྱབས་བསླུ་མེད་དཀོན་མཆོག་དྲན།།

 

པ་རུ་རང་སེམས་སྤྲེལ་སྤྱོད་མ་ཐུལ་ན།། ཕ་བརྒྱུད་བླ་མའི་མན་ངག་བདུད་ཀྱི་གཏོར།།

བ་གླང་ལ་སོགས་སྡུག་བསྔལ་གྲངས་མེད་སྐྱེས།། མ་རབས་འགོང་པོས་བདག་འཛིན་བསླུས་བསླུས་ཀྱིས།།

 

ཙ་ར་གཏིང་གནས་གཅོད་རྒྱུ་འགོང་ངན་བདག། ཚ་གྲང་བདེ་དྲོད་སྙོམ་པ་ལང་ལེ་ཤོད།།

ཛ་དྲག་གཏམ་ངན་བདུད་བཞིའི་བར་ཆད་མང་།། ཝ་ལེར་གཟིགས་དང་ཆོས་ཉིད་བདེན་པ་མཐོང་།།

 

ཞྭ་གོས་ནོར་གསོག་དཀའ་སྤྱད་སྡུག་བསྔལ་རྒྱུ།། ཟ་འཐུང་ཅི་བདེ་ཆོག་ཤེས་རྣལ་འབྱོར་སྐྱིད།།

འ་འུར་མེད་པའི་གཞི་འཇམ་གུ་རུའི་གནས།། ཡ་རབས་ཀུན་མཁྱེན་དམ་པས་བསྔགས་བསྟོད་གནས།།

 

ར་བ་ནགས་ཁྲོད་ཆུ་བོ་བརྒྱད་ལྡན་ཡང་ལེ་ཤོད།། ལ་ལུང་གང་ནས་གནས་མཇལ་བར་མི་ཆོད།།

ཤ་ཁྲག་རྒྱུ་མའི་སྙིང་པོ་དོན་བདེན་ལེན།། ས་མཆོག་ཁྱད་འཕགས་བྱིན་ཆེན་ཡང་ལེ་ཤོད།།

 

ཧ་ཅང་དངོས་གྲུབ་མྱུར་བ་ཕུར་པའི་གནས།། ཨ་ཨཱ་དོན་བརྒྱུད་བླ་མའི་སྙིང་དབུས་བཞུགས།།

ཀརྨ་རབ་རྒྱས། གཞལམ་སྒང་ ཝམ་གླིང་།

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག