དཔལ་སྒྲོན་མ།

དྲན་པའི་སེམས་ནང་ཡིད་འོང་བུ་མོ་བཞག་སྟེ། །
གདུང་བའི་དབྱངས་ཚིག་རྫོགས་པའི་དུས་ཅིག་མིན་འདུག །
ང་ཡི་སྙན་ངག་འདོན་ས་མཛེས་ལྡན་ལྷ་མོ། །
ཁྱོད་ཀྱི་དོན་ལུ་སྙན་ཚིག་བརྒྱ་སྟོང་བྲིས་ཆོག །

དབྱུག་པ་ཅན་གྱིས་སྙན་ངག་བརྩམས་པའི་དུས་ལུ། །
བུམོ་ཁྱོད་འཇིག་རྟེན་འདི་ནང་འཁྲུངས་ཏེ་ཡོད་ན། །
བརྗོད་བྱ་ཁྱོད་ལས་གཞན་ཚུ་མེད་པ་ཐག་ཆོད། །
འཇིག་རྟེན་དཔེ་ལུ་བཞག་ཆོག་ང་ཡི་སྙིང་གྲོགས། །

ཡིད་འོང་མཛེས་པའི་དཔེ་ལུ་ཟླ་བ་བཞག་ན། །
དྲན་པའི་དུས་ལུ་དཀར་གསལ་ཡང་ཡང་བལྟ་ཆོག །
བརྩེ་སེམས་འགྱུར་བ་མེད་པའི་རྡོ་ལུ་བཞག་ན། །
ཁྱོད་ཀྱི་དོན་ལུ་དམ་ཚིག་རི་མོ་བྲིས་ཆོག །

ཁྱོད་ཀྱི་རྣ་མར་སྙིང་གཏམ་འབུམ་ཕྲག་བཤད་ཡོད། །
ཁྱོད་ཀྱི་དོན་ལུ་མིག་ལས་མིག་ཁྲག་ཤོར་ཡོད། །
ཁྱོད་ཀྱི་མི་ཚེ་ང་དང་འགྲོགས་པའི་ཐབས་སུ། །
སྨོན་ལམ་ཚིག་གསུམ་མི་ཚད་བརྒྱ་སྟོང་བཏབ་ཆོག །

【རིག་སྲས་དབང་ཕྱུག】

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག