དྲིན་ཅན་ཨ་མའི་བཀའ་དྲིན།

དྲིན་ཅན་ཨ་མའི་བཀའ་དྲིན།། ནམ་ཡང་སེམས་ལས་མི་བརྗེད།།
ས་སྟེང་འཛམ་གླིང་འདི་ནང་།། ལས་ངན་བུ་ཆུང་ང་ལུ།།

ཨ་མ་ཁྱོད་ལས་ལྷག་པའི།། དྲིན་ཅན་གཞན་མི་ག་ཡང་།།
མེདཔ་ལས་ཨ་མ་ཁྱོད་ལུ།། ངེ་སེམས་ཁོག་པའི་གདིང་ལས།།

བཀའ་དྲིན་དགའ་འཚོར་བསམ་དོ།། ཨ་པ་མེད་པའི་ཤུལ་ལུ།།
ཨ་མ་ཁྱོད་རང་རྐྱངམ་ཅིག། ཉིན་ནུབ་མེད་པར་དཀའ་བ།།

སྤྱད་དེ་བུ་གཞི་ང་བཅས།། ཨ་མ་ཁྱོད་ཀྱིས་གསོ་སྟེ།།
ཡོད་ཚད་རང་ལས་བཏོན་ཏེ།། མེདཔ་མི་གཞན་ལས་འཚོལ་ཏེ།།

ཆུང་ཚེ་སློབ་གྲྭ་ནང་ལུ།། ཕྱི་ནང་གཉིས་ཀྱི་ཡོན་ཏན།།
ལྷབ་པར་གཏང་སྟེ་འབད་རུང་།། བུ་ང་བསོད་ནམས་ཆུངམ་ལས།།

དྲིན་ཅན་ཨ་མ་ཁྱོད་ཀྱི།། ཐུགས་ཀྱི་བསམ་པའི་རེ་དོན།།
བསྒྲུབ་པའི་དུས་ཅིག་མ་འབྱུང་།། ཨ་མ་ཐུགས་ཕམ་མ་གནང་།།

ནང་གི་བསམ་པ་སེམས་བསྐྱེད།། ཕྱི་ཡི་བྱ་བ་སྤྱོད་ལམ།།
ཨ་མ་ཁྱོད་ལས་ལྷག་སྟེ།། བཟང་མི་ག་ཡང་མི་འོང་།།

སྔོན་བྱོན་ཕ་མ་བཟང་པོའི།། ཤུལ་བཞག་ལམ་སྲོལ་བཟང་པོ།།
མ་ཤེས་ཤེསཔ་སྦེ་སྟོན་ཏེ།། ལཱ་ངན་སྤངས་ཏེ་ལཱ་བཟང་།།

འབད་དགོ་ཟེར་བའི་ཞལ་བཀོད།། བཟང་པོ་གངས་ལས་འབབ་པའི།།
བསིལ་བའི་ཆུ་རྒྱུན་བཟུམ་ཅིག། གནང་བར་བཀའ་དྲིན་ཆེ་སོང་།།

ལྷོ་ཕྱོགས་འཛམ་བུའི་གླིང་དུ།། ལས་ངན་འཁོར་བའི་སྤྲང་པོ།།
ཨ་མ་ཁྱོད་ཀྱི་བུ་སྦེ།། སྐྱེས་ཏེ་སྐལ་བ་བཟང་ནུག།

ཨ་མ་དྲིན་ཅན་ཨ་མའི།། སྐུ་ཚེ་དགུང་གི་ཉི་ཟླ།།
མཉམ་ཏེ་འཛམ་གླིང་འདི་ནང་།། ཡུན་དུ་བཞུགས་པའི་སྨོན་ལམ།།

ཀརྨ་རབ་རྒྱས། གཞལམ་སྒང་།

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག