མཐུན་པ་སྤུན་བཞི།

སྔོན་མ་སངས་རྒྱས་ བཅོམ་ལྡན་འདས་ཀྱིས་ འཁོར་དགེ་སློང་རྣམས་ལུ་ བསླབ་པ་རྒན་རིམ་ལུ་ཕྱག་དང་བསྙེན་བཀུར་འབད་དགོཔ་འབད་ གསུངས་པའི་སྐབས། ཝ་ར་ཎཱ་སིའི་གཡུས་འདི་ རྒྱལ་པོ་ཚངས་སྦྱིན་གྱིས་ སྐྱོངས་པའི་དུས་ལུ་ ནགས་ཚལ་ནང་ལུ་ཆ་རོགས་བཞི་ བྱ་སྲེག་པ། རི་བོང་། སྤྲེའུ་དང་གླང་ཆེན་ཚུ་ དགའ་ཏོག་ཏོ་འབད་སྡོད་ནུག

འདི་གི་སྐབས་ ཁོང་ར་ཆ་ཁྱབ་གཟུགས་ཀྱི་སྦོམ་ཆུང་ལུ་ཁྱད་པར་ཡོད་དོ་བཟུམ་སྦེ་ ལོ་རྒན་གཞོན་གྱི་ཁྱད་པར་ཡང་འོང་སྲིད་ནི་མས་ཟེར་ བསྟུན་གྲོས་འབད་བའི་ཤུལ་ལུ་ དེ་ཁར་ཡོད་པའི་ཤིང་ནྱ་གྲོ་ཏའི་ཟེར་མི་འདི་ལུ་བལྟ་སྟེ་ ལོ་ཚད་འཇལ་བའི་ཚེ། གླང་ཆེན་འདི་གིས་ ཁོ་འགོ་ཐོག་འདི་ནང་ལྷོད་པའི་བསྒང་ ཤིང་འདི་ ཁོ་གི་གཟུགས་དང་སྦོམ་ཚད་མཉམ་སྦེ་སྡོད་ཡི་ཟེར་སླབ་ནུག

དེ་ལས་ སྤྲེའུ་འདི་གིས་ ཁོ་འདི་ནང་ལྷོད་པའི་ནམ་དུས་ལུ་ ཤིང་འདི་ཁོ་གི་གཟུགས་དང་འདྲན་འདྲ་ཡོདཔ་འབད་སླབ་ཡོདཔ་དང་། རི་བོང་འདི་གིས་ ཁོ་འདི་ནགས་ཚལ་ནང་ལུ་ འགོ་ཐོག་ལྷོད་པའི་བསྒང་ཤིང་འདི་ ཅུ་གུ་རྒྱས་ཏེ་ལོ་འདབ་གཉིས་འཐོན་ཏེ་ཡོད་མི་འདི་ཁར་ ཆགས་ཏེ་ཡོད་མི་ཆུའི་ཟིལ་པ་འདི་ ཁོ་གི་འཐུང་ཡི་ཟེར་བཤད་ནུག

མཇུག་ལུ་བྱ་སྲེག་པ་འདི་གིས་ ཁོ་རི་འདི་ཁར་འོངམ་ད་ཤིང་འདི་གི་སོན་འདི་ ས་ཁར་འབུད་དེ་འདུག ཁོ་གི་འདི་ཁར་ཨ་བ་བཏང་སྟེ་ དེའི་ཤུལ་ལས་ཤིང་འདི་སྐྱེ་ནི་འགོ་བཙུགས་ཅིག་ཟེར་སླབ་ནུག

འདི་སླབ་ཚར་བའི་ཤུལ་ལུ་ རི་དྭགས་ཆ་རོགས་བཞིཔ་ཆ་རང་ ལང་ཚོའི་རྒན་རིམ་ཤེས་ཏེ་ རྒན་ཤོས་བྱ་སྲེག་པ། དེའི་འོག་རི་བོང་། དེའི་འོག་སྤྲེའུ་དང་ གཞོན་ཤོས་གླངམོ་ཆེ་འབད་འབྱུང་པའི་ཤུལ་ལུ་ ཁོང་རང་ཆུང་ཤོས་ཀྱིས་རྒན་ཤོས་ལུ་གུས་ཞབས་དང་ བསྙེད་བཀུར་ཚུ་ཕུལ་ནུག

འདི་མ་ཚད་ བྱ་སྲེག་པ་གིས་མི་དགེ་བ་བཅུ་སྤངས་ནི། དགེ་བ་བཅུ་བླངས་ནི་དང་ སྡིག་པའི་ལཱ་ཚུ་སྤང་དགོཔ་འབད་ སླབ་བཞིན་དུ་ ཁོང་གཞོནམ་གསུམ་གྱིས་ཡང་ དེ་བཟུམ་སྦེ་འབདཝ་ལས་ དེའི་བསོད་ནམས་ཀྱི་མཐུས་ཀྱིས་ ཡུལ་ཕྱོགས་འདི་ནང་ ཆར་ཆུ་དུས་སུ་འབབ། ལོ་ཐོག་ཕུན་སུམ་ཚོགས་ཏེ་ བདེ་སྐྱིད་དང་ལྡན་པའི་ཡུལ་ལུ་འགྱུར་ནུག

རྒྱལ་པོ་ཚངས་སྦྱིན་གྱིས་ དེ་འབད་འབྱུང་མི་འདི་རྒྱལཔོ་ངེའི་བཀྲིན་ཨིན་ ཟེར་སླབ་པའི་སྐབས། རི་འདི་ནང་ལུ་གཞུགས་ཏེ་ཡོད་པའི་ དྲང་སྲོང་མངོན་ཤེས་མཁྱེན་མི་གཅིག་ཡོད་མི་འདི་གིས་ ཡུལ་ཕྱོགས་འདི་བདེ་ཞིང་སྐྱིད་པའི་ཉིནམ་ཤར་མི་འདི་ ནགས་ཚལ་ནང་ལུ་ཡོད་པའི་རི་དྭགས་བཞི་གིས་ རྒན་རིམ་ལུ་གུས་བཀུར་ཕུལ་བའི་འབྲས་བུ་ཨིན་ཟེར་གསུངམ་ལས་བརྟེན་ མི་ཚུ་ག་ར་བལྟ་བར་འགྱོཝ་ནག

འདི་ཚུ་བདེན་པ་ཡོདཔ་མཐོངམ་ལས་ ག་ར་ཡིད་ཆེད་བསྐྱེད་དེ་ མི་སྡེ་ནང་ལུ་ཡང་ རྒན་རིམ་ལུ་བྱམས་པ་དང་བརྩེ་བ་འབད་ན་ིགི་ སྲོལ་བཟང་པོ་ཅིག་འབྱུང་ནུག། དེ་བསྒང་གི་བྱ་སྲེག་པ་འདི་ སངས་རྒྱས་དང་། རི་བོང་ནི་ཤཱ་རི་བུ༼ཤེས་རབ་ཀྱི་མཆོག༽ སྤྲེའུ་ནི་མཽང་གལ་བུ༼རྫུ་འཕྲུལ་གྱི་མཆོག༽ གླང་ཆེན་ནི་ཀུན་དགའ་བོ༼ཐོས་པའི་མཆོག༽ཨིན་ཟེར་གསུངསཔ་ལས་ དེ་ཉན་མི་འཁོར་དགེ་སློང་ཚུ་ག་ར་ ཡིད་ཆེད་སྟེ་རྒན་རིམ་ལུ་བྱམས་པ་དང་ བརྩེ་བའི་གནས་ལུ་བརྩོན་ནུག་གོ། །།

བསྡུ་སྒྲིག: ཨོ་གྲི་ཡ་ན་ མཐའ་ཡས་ འགྲོ་འདུལ།

བསམ་བཀོད་ 1།

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག