ཞབས་དྲུང་སྐུ་མཆོད།

སྐུ་གཟུགས་མཚན་དང་དཔེ་བྱེད་ལྡན་པའི་ཁར། །
གསུང་སྐད་སྙན་པའི་ཆོས་ཀྱི་འཁོར་ལོ་བསྐོར། །
ཐུགས་བཟང་བྱང་ཆུབ་སེམས་ཀྱིས་འགྲོ་རྣམས་ལུ། །
བུ་བཟུམ་སྐྱོང་བའི་བླམ་ལུ་གུས་ཕྱག་འཚལ། །

སྤང་ནིའི་ཉེས་སྐྱོན་ཐལ་བ་བཟུམ་ར་མེད། །
རྟོགས་པའི་ཡོན་ཏན་ནམ་མཁའ་བཟུམ་ཡོདཔ་ལས། །
སངས་རྒྱས་གོ་འཕང་ཐོབ་རུང་ང་བཅས་ཀྱི། །
དོན་ལུ་མི་གཡུལ་བྱོན་པ་བཀའ་དྲིན་ཆེ། །

སྨན་དང་ནགས་ཀྱིས་ཕྱི་ལས་མཐའ་སྐོར་བའི། །
མོན་པའི་གཡུས་ཀྱི་མོན་པའི་མི་སེར་ཚུ། །
གང་འགྱོ་མ་ཤེས་མགུ་འཐོམས་སྡོདཔ་ད་ལུ། །
འབྲུག་དང་འབྲུག་པའི་ལམ་བཟང་སྟོན་གནང་ནུག། །

འཇིག་རྟེན་ཁམས་ཀྱི་སེམས་ཅན་ག་ར་དང་། །
གཙོ་བོ་ང་བཅས་འབྲུག་པའི་མི་སེར་ཚུ། །
དགའ་སྐྱིད་དཔལ་འཛོམས་བྱུང་སྟེ་བཞག་ཐབས་ལུ། །
དགྲ་འདུལ་གཉེན་སྐྱོང་མཛད་པའི་ཚུལ་ཡང་སྟོན། །

ཕྱི་ཁར་དགྲ་འདུལ་གཉེན་སྐྱོང་མཛདཔ་མ་གཏོགས། །
ནང་ན་ལས་ངན་བསགས་པའི་སེམས་ཅན་ཚུ། །
འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ནང་། །
ཆོས་ཀྱི་སྙིང་པོ་ལེན་པ་བཏང་བཏངམ་མས། །

རྒྱལ་ཁྲིམས་གསེར་གཉའ་ཤིང་རི་བཟུམ་ལྕི། །
ཆོས་ཁྲིམས་དར་གྱི་མདུད་ཕོད་བཟུམ་སྦེ་དམ། །
ཆོས་སྲིད་གཉིས་ཀྱི་ལུགས་བཟང་གཞི་བཙུགས་སྦེ། །
རྒྱལ་ཁབ་རང་དབང་རང་བཙན་བཟོ་གནང་ནུག །

འབྲུག་པའི་ཆོས་སྲིད་ལམ་བཟང་སྟོན་ཚརཝ་ད། །
མ་འོངས་སེམས་ཅན་དད་པའི་རྟེན་བཟང་སྦེ། །
ཟླ་བ་གསུམ་པའི་ཚེས་བཅུའི་ཉིམ་འདི་ཁར། །
སྐུ་གདུང་མ་ཆེན་བཞག་པ་ངོ་མཚར་ཆེ། །

སྐུ་ཕུང་དད་པའི་རྟེན་ལུ་བྱིན་གྱིས་བརླབས། །
ཕུང་པོ་གཞན་ཚུ་ཆོས་ཀྱི་དབྱིངས་ལུ་ཐིམ། །
རྒྱལ་ཁབ་ཡུན་དུ་གནས་པའི་རྟེན་འབྲེལ་འགྲིག །
ཁྱོད་ཀྱི་མཛད་པ་འཕྲིན་ལས་ངོ་མཚར་ཆེ། །

སྙན་པའི་ངག་དང་མཉེས་པའི་དོན་མེད་རུང་། །
རང་བཙན་ངོ་རྟགས་འབྲུག་པའི་ཁ་སྐད་ནང་། །
ཁྱེད་ཀྱི་མཛད་པའི་ཟུར་ཙམ་བྲིས་མི་འདིས། །
ཚེ་རབས་ཀུན་ཏུ་ཁྱོད་དང་མི་འབྲལ་ཤོག།  །།

འབྲི་མི་: དགོནམ་རྡོེ།

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག