རང་སྐད་གཅེས་པའི་གཏམ།

གསོན་ཤིག་གསོན་དང་འབྲུག་པའི་ན་གཞོན་ཚུ། །
ལོ་ན་ཆུང་བའི་དུས་སུ་མ་གཡེངས་པར། །
རང་གི་སྐད་ཡིག་ལམ་སྲོལ་དཔྱད་པ་ཅིན། །
རྒས་པའི་དུས་སུ་གཞན་བཟུམ་དཀའ་སྤྱད་མེད། །

དང་པོ་ཤེས་བྱ་ཡོན་ཏན་བརྒྱ་སྟོང་ལས། །
ཕན་རླབས་ཆེ་བ་རང་སོའི་སྐད་ཡིག་འདི། །
རྒྱབ་ཏུ་མ་བསྐྱུར་ལུས་དང་དྲི་མ་བཞིན། །
རྟག་ཏུ་རང་དང་བཞགས་གནང་ན་གཞོན་ཚུ། །

རང་སྐད་ཤེས་ན་ཕན་རླབས་རྒྱ་མཚོ་ལས། །
སྦོམ་ཡོད་མ་གཏོགས་ཆུང་བའི་དཔེ་མི་སྲིད། །
དཔེ་ཙམ་རང་གིས་མདོར་བསྡུས་ཞུ་བ་ཅིན། །
རང་སྐད་མཁས་པའི་མི་ལ་ལེན་ཞིག་གཟིགས། །

མི་ཚེ་འདི་ནང་རང་ལུ་མཁོ་ཆེ་བ། །
དམ་ཆོས་ཉག་ཅིག་ཨིན་པ་མཁས་པས་བཤད། །
རང་སྐད་ཤེས་ན་དམ་པའི་ལྷ་ཆོས་འདི། །
མགྱོགས་པར་ཧིང་ཁར་འཁོར་བ་ཐེ་ཚོམ་མེད། །

ཆོས་དང་བྲེལ་བའི་སྐད་ཡིག་ལམ་སྲོལ་འདི། །
འབྲུག་ཡུལ་མ་གཏོགས་གཞན་ཁར་མཐོང་བར་དཀའ། །
རྒྱུ་མཚན་དེ་ལས་འབྲུག་པའི་ན་གཞོན་གྱིས། །
གཟུགས་དང་གྱིབ་མ་བཞིན་དུ་རྟག་ཏུ་འཛིན། །

རང་སྐད་བདག་འཛིན་འབད་ཤིག་ཞུ་བའི་ཚེ། །
གཞན་གྱི་སྐད་ཡིག་མེན་དགོ་ཟེར་ཞུཝ་མེན། །
གཞན་སྐད་རང་སྐད་མདོར་ན་ཡོན་ཏན་ཨིན། །
ག་ར་ཤེ་ན་མཁས་པའི་ས་ལུ་ལྷོད། །

རང་འདྲ་ན་གཞོན་རྫོང་ཁ་སློབ་འདོད་ན། །
རབ་འདི་སློབ་དཔོན་བསྟན་འདི་སྦྱོངས་ན་དྲག །
འབྲིང་འདི་སློབ་དེབ་སྣ་ཚོགས་གསར་ཤོག་ཚུ། །
ལྷག་ན་འདི་ལས་ཡོན་ཏན་མ་རབ་འབྱུང་། །

ཐ་མ་ཆ་རོགས་ཚུ་དང་རང་སྐད་རྐྱབ། །
བརྒྱུད་འཕྲིན་ཚུ་དང་ཀི་དེབ་ཚུ་ནང་ལུ། །
ཡི་གེ་ག་མང་འབྲི་ན་ཤེས་པའི་དུས། །
མྱུར་དུ་ཤར་བ་སེམས་ཁར་ཐེ་ཚོམ་རྩ་ནས་མེད། །

སྡེབ་དང་རྒྱན་ལས་བྲལ་བའི་བུ་ངའི་རྩོམ། །
ནོར་བ་སྒང་གི་ཆུ་བཟུམ་འབབ་སྲིད་པས། །
མཁས་པའི་དབང་པོས་ཡིད་ལ་མ་བསུན་པར། །
བཟོད་པ་བཞེད་མཛོད་སྤྲང་པོས་གསོལ་བར་འདེབས། །

~ བོད་སྒར་རྟ་མགྲིན་དབང་ཕྱུག

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག