རྨི་ལམ་གྱིས་རོལ་རྩེ།

མདང་ནུབ་རྨི་ལམ་བཟང་ངན་མཐོང་པ་དེ། །
གྲོགས་པོ་གྲོགས་མོ་མིག་གི་སྤྱན་སྔར་དུ། །
ལེན་ཞིག་ཞུ་བ་སྙམ་ནས་ཡིག་ཐོག་ཏུ། །
བཤུས་ནས་ཕུལ་བ་དགོངས་འགལ་མེད་པར་གདའ། །

མཉེན་ཞིང་འཇམ་པའི་མལ་དང་བདེ་བའི་སྟེན། །
མཚསམ་སུ་འཛུལ་ནས་བདེ་སྨོན་སྒྲ་གཟུང་ཞིག །
རྣ་བར་སྙན་ཞིང་ཡིད་འཇེབས་གདུང་བས་མནལ། །
ཡུད་ཙམ་ཞིག་ནས་གཉིད་ཀྱི་ཐང་དུ་སླེབས། །

ཉམས་བྲོད་སྐྱེད་ཚལ་མིག་ངོམས་ཡུལ་ཞིག་དུ། །
ཉ་མོ་ཁྱུག་ཅིང་རྒྱུ་བའི་མིག་ལེགས་མས། །
སྙན་པའི་གདངས་ཀྱིས་གཡོ་བས་ཚིག་སྙན་ཞིག །
ཧང་ཧང་ལེན་པ་ཐོས་ནས་འགྲམ་དུ་མངགས། །

ཟུར་ཙམ་མཐོང་ནས་ཆགས་པའི་ལྗོན་ཤིང་རྒྱས། །
ཐོགས་མེད་སེམས་ནི་ཤར་གྱི་དྲི་བཞོན་གྱིས། །
འགུལ་འགུལ་བསྐྱོད་ནས་ལུས་ཕྲའི་ཕྱོགས་སུ་གཡོ། །
ཞལ་མཇལ་སྙམ་པའི་སྡོང་པོ་རབ་ཏུ་འགྲོས། །

མདུན་དུ་་སླེབས་ནས་མཛེས་མའི་བཞིན་རས་ལ། །
འོག་ནས་རིམ་དུ་ལྟས་ཚེ་ལུས་ཀྱི་སྤུ། །
ཟིར་ཟིར་གཡོ་ནས་བདག་གི་མགྲིན་དང་མཆུ། །
སྐམ་པས་འདོད་སེམས་དབྱར་གྱི་ཆུ་བཞིན་རྒྱས། །

མཛེས་མའི་བཞིན་ལ་ཐད་ཀར་བལྟ་བས་ཚེ། །
མཁའ་འགྲོ་མ་ཡིན་སྲིན་མོའི་གདོང་བརྔམ་འཆང་། །
མཐོང་ཙམ་རྐང་ལག་སྐྲག་སྐྲག་རབ་ཏུ་བདར། །
ཆགས་སེམས་བྲོས་ནས་སྐྲག་པའི་བློ་ཞིག་འབྱུང་། །

དེ་ནས་གཉིད་ཀྱི་ཞིང་ཁམས་ནང་ནས་ལང་། །
སང་གྱི་ཁ་ཏོན་འདོན་པའི་དུས་ཡང་འཆར། །
ཉིན་མོར་འབད་པའི་ཆོས་དང་མཚན་མོར་གྱི། །
རྨི་ལམ་གཉིས་ནི་རོ་གཅིག་ཡིན་སྙམ་འབྱུང་། །

~ བོད་སྒར་རྟ་མགྲིན་དབང་ཕྱུག

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག