སྒང་སྟེང་གི་བུ་མོ་ཉི་མ་ལགས།

༄༅། །བུ་ངེའི་སེམས་ཀྱི་གསང་བའི་མེ་ཏོག་འདི། །
གནས་བཟང་སྒང་སྟེང་ཕྱོགས་ལུ་ཤར་སྡོད་ནུག །
མེ་ཏོག་ལེགས་ཧིང་བལྟ་བའི་བུང་བ་ང་། །
མིག་ཏོ་ཆབ་ནི་མེད་པར་གཡེང་སོང་ནུག །

གྱོན་ཆས་གཡུ་དང་བྱུ་རུ་སྐེད་ལུ་བཏགས། །
གཞན་སེམས་གཡོ་བའི་འཛུམ་མདངས་གདོང་ལས་བཏོན། །
སྨིན་ཆུང་བརྒྱ་སྟོང་འཛོམས་པའི་སྦུག་ནང་ལུ། །
ཡིད་འོང་ལྷ་ཡི་སྲས་མོར་འགྲན་བཞིན་འདུག །

ཉིན་མཚན་མེད་པར་བལྟ་བའི་བག་ཆགས་ཀྱིས། །
རྨི་ལམ་ནང་ཡང་ཁྱོད་ཀྱི་གཟུགས་བརྙན་ཤར། །
གསུང་སྙན་སྒྲ་དབྱངས་ལྷ་མོའི་ཧིང་གཏམ་འདི། །
ཉན་དགོ་མནོ་བའི་ན་ཟུག་ཕོག་མཆིས་ནུག །

མཛེས་ལྡན་ཐུགས་དང་ལྡནམ་ཅིག་ཡོད་པ་ཅིན། །
བུ་ངེའི་འདོད་པའི་སེམས་ཀྱི་རེ་བ་འདི། །
རྫོགས་པའི་ཐབས་ཅིག་མཛད་གནང་ཉི་མ་ལགས། །
ནམ་ཡང་འགྱུར་མེད་སེམས་ཀྱི་རེ་བསྐུལ་ཨིན། །

~ རིག་སྲས་དབང་ཕྱུག་གིས་ ༢༠༡༧ ལོའི་སྒང་སྟེང་ཚེས་བཅུའི་སྐབས་བྲིས་པའོ། །

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག