སྙིང་སྡུག་ཆོས་སྐྱིད་མར།

བུ་མོའི་ཞལ་རས་དུང་གི་ཟླ་བ་འདྲ། །

མུན་པའི་ནང་ལས་འོད་ཟེར་ཤར་དོ་བཟུམ། །

སྐར་ཆེན་སྐར་ཆུང་ཟིལ་གྱིས་གནོན་བཞིན་དུ། །

འཛམ་གླིང་སྨན་ཆུང་ཡོད་ཚད་དབང་མེདཔ་བཟོ། །

བུ་མོའི་མིག་ཏོ་ལྡུམ་རྭའི་མེ་ཏོག་འདྲ། །

མངར་བའི་དྲི་བཟང་ཕྱོགས་བཅུར་ཁྱབ་སོང་ནུག །

རྐང་དྲུག་བུང་བ་རྒྱང་ལས་འཁོར་དོ་བཟུམ། །

འཛམ་གླིང་སྟག་ཤར་ཡོད་ཚད་ཁྱོད་ལུ་ཆགས། །

བུ་མོའི་ཡ་མཆུ་མ་མཆུ་བལ་ལས་འཇམ། །

ཀུན་དགའི་ཚལ་ནང་ཟེའུ་འབྲུ་ངོམས་དོ་བཟུམ། །

རྒྱ་ཆང་མངར་མོའི་རོ་དང་དབྱེ་བ་མེད། །

སྦྱར་འདོད་ཅན་ཚུ་ཁ་ལས་ཁ་ཆུ་འཛག །

བུ་མོའི་འགྱོ་ཐངས་འཁྱུག་འཁྱུག་ལྡེམ་ལྡེམ་སྦེ། །

ཚོན་ཁྲ་ལེགས་པའི་འཇོལ་མོ་ཕུར་དོ་བཟུམ། །

བར་སྣང་ཁམས་ལུ་ལྷོ་སྤྲིན་སྤུབས་དང་འདྲ། །

བལྟ་བའི་མིག་ལུ་སུན་པའི་དུས་མིན་འདུག །

ཐག་རིང་ཕྱོགས་ལས་བལྟཝ་ད་མེ་ཏོག་བཞིན། །

ཕར་རིར་འཇའ་ཚོན་སྣ་ལྔ་ཤར་དོ་བཟུམ། །

རྩ་བར་ལྷོད་ཚེ་སེམས་ངལ་འཚོ་ས་མས། །

གཙང་ཆུ་སྔོན་མོས་ཁ་སྐོམ་སེལ་དང་འདྲ། །

བུ་ངེའི་སེམས་ཁར་སྒྲ་དབྱངས་ལྷ་མོར་ཤར། །

མཐོང་ཚེ་རྨི་ལམ་ནང་ལུ་མཇལ་དོ་བཟུམ། །

གོ་ཚེ་དབྱངས་ཀྱི་དངོས་གྲུབ་གནངམ་དང་འདྲ། །

མི་ཡུལ་འདི་ནང་ལྷ་མོའི་གཟུགས་འཁྲུངས་ནུག །

བསམ་བཀོད་ 1།

 1. དངོས་པོའི་དཔེ་སྟོན།༼སྣང་བ་གང་ཤར༽

  གནམ་ཁའི་དཀར་གསལ་ཟླ་བ་ཁྱོད།།
  གཏན་རྐྱང་འཕེལ་འགྲིབ་མང་བ་དེ།།
  རྒྱུ་རྐྱེན་ཅི་ཡིན་འདྲི་བའི་ཚེ།།
  སྨིན་ཆུང་བུ་མོའི་བསམ་སྤྱོད་དེ།།
  བརྟན་བརྟན་རྩ་ལས་མེད་དོ་ཞེས།།
  ཕོ་རབས་རྣམས་ལ་སྟོན་དོ་ལོ།།

  ལྡུམ་རྭའི་སེར་ཤོས་མེ་ཏོག་ཁྱོད།།
  གཏན་རྐྱང་ཕར་ཚུར་གཡོ་བ་དེ།།
  རྒྱུ་རྐྱེན་ཅི་ཡིན་འདྲི་བའི་ཚེ།།
  སྨིན་ཆུང་བུ་མོའི་བློ་སེམས་འདི།།
  གཡོ་སྒྱུ་ཆེ་བ་ཡིན་ནོ་ཞེས།།
  ཕོ་རབས་རྣམས་ལ་སྟོན་དོ་ལོ།།

  འཇིག་རྟེན་དུས་བཞི་དུས་དྲུག་ཁྱོད།།
  གཏན་རྐྱང་འགྱུར་ལྡོག་མང་བ་དེ།།
  རྒྱུ་རྐྱེན་ཅི་ཡིན་འདྲི་བའི་ཚེ།།
  སྨིན་ཆུང་བུ་མོའི་སེམས་འདི་སྨོ།།
  འགྱུར་བའི་རང་བཞིན་ཡིན་ནོ་ཞེས།།
  ཕོ་རབས་རྣམས་ལ་སྟོན་དོ་ལོ།།

  གངས་ལུ་ཆགས་པའི་ཁ་བ་ཁྱོད།།
  གཏན་རྐྱང་ཉིམ་གིས་ཞུ་མི་འདི།།
  རྒྱུ་རྐྱེན་ཅི་ཡིན་འདྲི་བའི་ཚེ།།
  སྨིན་ཆུང་བུ་མོའི་སེམས་འདི་སྨོ།།
  ཕྱུག་ཕོའི་བློ་ཡིས་ཞུ་དོ་ཞེས།།
  ཕོ་རབས་རྣམས་ལ་སྟོན་དོ་ལོ།།
  སྟོབས་རྒྱས།།

  ཚེ་རིང་སྟོབས་རྒྱས།

ལན་གསལ་བཀོད།

ཁྱོད་ཀྱི་གློག་འཕྲིན་ཁ་བྱང་འདི་དཔེ་སྐྲུན་འབད་འོང། དགོས་འདོད་ས་སྒོ་ཚུ་ * སྦེ་མངོན་གསལ་འབད་ནུག